ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚེས་10ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་སྤྱི་ལོ་2021ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་རང་མིའི་སྤུན་ཟླ་བཅས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་གོང་འཕེལ་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་བཅས་ཀྱི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། དུས་མཚུངས་སུ་ང་ཚོས་ངེས་པར་དུ་ཤེས་དགོས་པར། དེ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་འགག་རྩའི་གོམ་སྟབས་ཤིག་ཡིན་པས། ང་ཚོས་ང་རྒྱལ་ཁེངས་དྲེགས་དང་མདུན་སྐྱོད་བྱེད་མཚམས་གཏན་ནས་འཇོག་མི་རུང་བར་མུ་མཐུད་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། མུ་མཐུད་དཀའ་སྤྱད་འབད་འཐབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱས་ཐོག མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་གི་ཆེད་ཟམ་མི་ཆད་པར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འཇོག་དགོས་ཞེས་ནན་གསུངས་གནང་ཡོད།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཕེབས་པ་དང་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་ཡོད།
མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལས་རིགས་ཁག་གི་མི་སྣ་1000ཙམ་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ནས་དགའ་སྤྲོའི་དཔལ་ལ་རོལ་ཡོད།
སྔ་དྲོའི་ཆུ་ཚོད་10ཙམ་ལ་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོམས་ཆེན་དུ་ཕེབས་ནས་ཚོགས་ར་ཡོངས་ལ་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་དང་། ཚང་མ་ཕན་ཚུན་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། འདས་ཟིན་པའི་ལོ་གཅིག་ལ་ཕྱིར་ལྟ་བྱེད་སྐབས་ཧ་ལས་ཤིང་ཧང་སངས་དགོས་པའི་འཕོ་འགྱུར་བྱུང་ཡོད་ལ་དཔའ་ཉམས་ཆེ་བའི་འབད་འབུངས་མདུན་སྐྱོད་ཀྱང་བྱས་ཡོད། ལོ་གཅིག་གི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། རིམས་ནད་ལས་རྣམ་པར་རྒྱལ་བ། ཆུ་ལོག་དང་ཞོད་སྐྱོན་འགོག་པ། བསྒྱུར་བཅོས་ལ་སྐུལ་འདེད་བཏང་བ། སྒོ་དབྱེར་སྐུལ་འདེད་བཏང་བ། དབུལ་སྒྲོལ་ལ་དམ་འཛིན་བྱས་པ། དམངས་འཚོར་ཕན་ཐོག་པ། འཕར་སྣོན་ཡོང་བར་འགན་ལེན་བྱས་པ། གནས་བབ་ཧྲིལ་པོ་བརྟན་པོ་ཡོང་བ་བཅས་ཀྱིས་འཛམ་གླིང་ཐོག་སྔོན་ལ་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་ཚོད་འཛིན་ཐུབ་པ་དང་། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་དཔལ་འབྱོར་གཙང་འཕར་བྱུང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་ཐོབ་པ། དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱུང་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཡང་ཡང་ཐོབ་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་བདེ་བླག་ངང་མཇུག་འགྲིལ་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་བཅས་ཀྱི་ཐོག་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ལག་ལེན་དངོས་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཚད་མེད་ལྡན་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་སླར་ཡང་ར་སྤྲོད་ཐུབ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཚེ། དཀའ་ངལ་གང་ཞིག་གིས་ཀྱང་ང་ཚོར་གནོད་འཚེ་གཏོང་མི་ཐུབ་ལ་སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བརྗིད་ཆེའི་གོམ་སྟབས་ཀྱང་བཀག་འགོག་བྱེད་མི་ཐུབ་ཅེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ལོ་གསར་པའི་ནང་། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་རྐང་ཚུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོར་འཛིན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གཙོ་གནད་དུ་འཛིན་པ། བསྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་བརྩི་བ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། བྱ་ཁྱུང་རླུང་གི་རྒྱུན་འགྲོགས་ནམ་མཁར་ལྡིང་། འཕུར་ཐེངས་གཅིག་གིས་ལེ་དབར་ཁྲི་ཕྲག་བཅད། ལོ་ངོ་100སོང་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་མའི་བསམ་འདུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ལས་འགན་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་པ། དཀའ་ངལ་དང་ཉེན་ཁར་མི་འཛེམས་པ་དང་། ཁྲག་འདོན་རང་སྲོག་བློས་གཏོང་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲག་བཏོན་དམར་འཛིང་དང་། འབད་པ་ཆེར་སྐྱེད། བསྒྱུར་བཅོས་སྒོ་དབྱེ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུགས་པོ་ཆགས་ནས་སྟོབས་ཆེར་འགྱུར་བའི་རླབས་ཆེན་གྱི་མཆོང་བསྐྱོད་ཆེན་པོ་བྱུང་ཡོད། དེ་རིང་། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ལོ་ངོ་བརྒྱ་ཡི་འོད་སྟོང་འཕྲོ་བའི་ལམ་བུ་བརྒྱུད་མྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེ་ཤོས་ནང་སྲིད་སྐྱོང་བྱས་ནས་ལོ་ངོ་70ལྷག་སོང་བ། ཏང་ཡོན་མི་གྲངས་ཁྲི་9100ལྷག་ཙམ་ཡོད་པ་བཅས་ཀྱི་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་སུ་གྱུར་ཡོད་ཅིང་། ཀྲུང་གོའི་མི་དམས་དུང་ཕྱུར་14ཡིས་ཆེས་རྒྱ་ཁྱབ་ཏུ་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེའི་བྱ་གཞག་ཆེད་འབད་ཐབས་བྱས་པ་དང་ལོ་ངོ་100ནི་གསར་སྐྱེས་ལང་ཚོའི་དུས་ལ་བབས་པ་ཞིག་ཡིན། ང་ཚོས་བསྐྱོད་ཟིན་པའི་ལམ་བུར་ནན་ཏན་གྱིས་ཕྱིར་དྲན་ལྟ་བྱེད་དགོས་ཤིང་། བརྒྱུད་པའི་ལམ་བུ་བརྗེད་མི་ཉན་པར་མུ་མཐུད་མདུན་སྐྱོད་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་ཕུགས་འདུན་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ། མི་དམངས་མང་ཚོགས་ལ་བརྟེན་པ། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དཔའ་ངར་ཆེ་སྐྱེད་རྒྱུན་འཁྱོངས་བྱེད་དགོས། རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་དུ་དུས་རབས་རླབས་རྒྱུན་གྱི་ཆེས་མདུན་གྲལ་དུ་ལངས་པ་དང་དཀའ་གནད་འགག་སྒྲོལ་གི་ཆེས་མདུན་གྲལ་དུ་ལངས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གནས་པ་བཅས་བྱས་ཚེ། དུས་ནམ་ཡང་མི་ཕམ་པའི་གནས་སུ་གནས་ཐུབ་ངེས་ཡིན་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་ནང་བ་གླང་ནི་ལས་བརྩོན་དང་། ལེགས་སྐྱེས། དཀའ་སྤྱད་མདུན་སྐྱོད། སྟོབས་ཤུགས་བཅས་ཀྱི་མཚོན་རྟགས་ཤིག་ཡིན། མི་རྣམས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་རྒྱུ་དེ་བྱིས་ཞོན་བ་གླང་ལ་དཔེ་འཇོག་པ་དང་། གསར་གཏོད་གོང་འཕེལ་དང་དཀའ་གནད་འགག་སྒྲོལ་བྱ་རྒྱུ་དེ་ས་སྦོལ་བ་གླང་ལ་དཔེ་རུ་འཇོག་གི་ཡོད། དཀའ་སྤྱད་འབད་ཐབས་དང་སྡུག་རུས་འཁྱོག་པོ་ནི་གླང་རྒན་གྱི་དཔེ་རུ་འཇོག་བཞིན་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་བྱིས་ཞོན་བ་གླང་དང་། ས་སྦོལ་བ་གླང་། གླང་རྒན་བཅས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དཀའ་ངལ་ལ་མི་སྐྲག་པ་དང་སྡུག་རུ་འཁྱོག་ཐུབ་པའི་བ་གླང་གི་སྙིང་སྟོབས་དང་སྟོབས་ཤུགས་ཐོག་ནས། སྐུལ་མི་དགོས་པར་རང་འགུལ་ལས་ལ་བརྩོན་པ་དང་། མུ་མཐུད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་མདུན་དུ་བསྐྱོད་དེ། དུས་རབས་གསར་པར་ལོ་རྒྱུས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་གསར་པ་བརྩམས་དགོས་ཞེས་ནན་གསུངས་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་གྲས་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས་ཡོད་པ་རེད།
ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུར་ཞུགས་མཁན་གྲས་སུ་ད་དུང་ཀྲུང་དབྱང་ཏང་སྲིད་དམག་དང་། མང་ཚོགས་ཚོགས་བཅས་ཀྱི་སྡེ་ཁག་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་གནང་མཁན་བློ་མཐུན་རྒན་གྲས་ཀྱི་འཐུས་མི། གྲགས་ཅན་གྱི་རིགས་གཅིག་མཁས་པ་དང་རིག་གནས་པ་དེ་བཞིན་རྒྱལ་སའི་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ཡོད་པ་རེད། རིག་རྩལ་ལས་དོན་པས་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་ཐོག་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཡོད་པ་རེད།
扫一扫在手机打开当前页
相关新闻